BREAKING NEWS
latest

Thursday, April 6, 2023

བདེ་ཅན་སྨོན་ལམ་བསྡུས་པ།།

Poem by His Holiness Jekhenpo
༉ བདེ་ཅན་སྨོན་ལམ་བསྡུས་པ་བཞུགས་སོ།།

༈ ཨེ་མ་ཧོ། །ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་།། གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་།། གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ།། སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱི་བསྐོར།། བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི།། བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར།། བདག་གཞན་འདི་ནས་ཚེ་འཕོས་འགྱུར་མ་ཐག།། སྐྱེ་བ་གཞན་གྱི་བར་མ་ཆོད་པ་རུ།། དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག།། དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི།། ཕྱོགས་བཅུའི་སངས་རྒྱས་བྱངས་སེམས་ཐམས་ཅད་ཀྱིས།། གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། ཏངྱཐཱ།། པཉྩ་དྲི་ཡ་ཨ་ཝ་བོ་དྷ་ནཱ་ཡེ་སཱཧཱ།།

༈ ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས།། ཚོགས་གཉིས་རྫོགས་ལ་རྗེ་ཡི་རང་།། བདག་གིས་དུས་གསུམ་དགེ་བསགས་པ།། དཀོན་མཆོག་གསུམ་ལ་མཆོད་པ་འབུལ།། རྒྱལ་བའི་བསྟན་པ་འཕེལ་འགྱུར་ཅིག།། དགེ་བ་སེམས་ཅན་ཀུན་ལ་བསྔོ།། འགྲོ་ཀུན་སངས་རྒྱས་ཐོབ་འགྱུར་ཅིག།། དགེ་རྩ་ཐམས་ཅད་གཅིག་བསྡུས་ཏེ།། བདག་གི་རྒྱུད་ལ་སྨིན་འགྱུར་ཅིག།། སྒྲིབ་གཉིས་དག་ནས་ཚོགས་རྫོགས་ཏེ།། ཚེ་རིང་ནད་མེད་ཉམས་རྟོགས་འཕེལ།། ཚེ་འདིར་ས་བཅུ་ནོན་འགྱུར་ཅིག།། ནམ་ཞིག་ཚེ་འཕོས་གྱུར་མ་ཐག།། བདེ་བ་ཅན་དུ་སྐྱེ་གྱུར་ཅིག།། སྐྱེས་ནས་པདྨའི་ཁ་ཕྱེ་སྟེ།། ལུས་རྟེན་དེ་ལ་སངས་རྒྱས་ཤོག།། བྱང་ཆུབ་ཐོབ་ནས་ཇི་སྲིད་དུ།། སྤྲུལ་པས་འགྲོ་བ་འདྲེན་པར་ཤོག།།
NEXT »

No comments

US Flag
play button